ཡུ་ནའི་ཊེཌ་ཀིང་ཌོམ། United Kingdom

ངོ་སྤྲོད།
ཡུ་ནའི་ཊེཌ་ཀིང་ཌོམ་༼ཡིའུ་ཀེ།༽ འདི་ ནུབ་བྱང་ཡུ་རོབ་ནང་ཡོད་པའི་ ཨིང་ལེནཌ། ཨིས་ཀོཊ་ལེནཌ། ཝེལསི། བྱང་ཕྱོགས་ཨ་ཡར་ལེནཌ་ཚུ་གིས་བསྡོམས་ཏེ་བཟོ་བའི་ མཚོ་གླིང་གི་རྒྱལ་ཁབ་ཅིག་ཨིན། འདི་གི་རྒྱ་ཚད་ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞི་ ༢༤༣,༠༠༠ ཁྱབ་ཡོདཔ་ཨིན། འདི་ཨེཊ་ལེན་ཊིཀ་རྒྱ་མཚོ།(Atlantic Ocean) ནོརཏ་སི།(North Sea) ཨིང་ལིཤ་ཅེ་ནཱལ།(English Channel) ཨའི་རིཤ་སི་(Irish Sea)གི་རྒྱ་མཚོ་ཚུ་གིས་ མཐའ་བསྐོར་ཏེ་ཡོདཔ་ཨིན།
རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།

རྒྱལ་ས་ལྟེ་བ་འདི་ ཨིང་ལེནཌ་གི་ལྷོ་ཤར་ལུ་ གནས་ཡོད་པའི་ ལཱན་ཌཱན་ཁྲོམ་ཚོགས་འདི་ཨིན། ཁྲོམ་ཚོགས་འདི་ དངུལ་འབྲེལ་དང་ ལམ་སྲོལ་ དེ་ལས་ སྲིད་དོན་གྱི་དོན་ལུ་ རྒྱལ་སྤྱི་གི་ལྟེ་བ་ཅིག་ཨིན། ཁྲོམ་སྡེ་གཙོ་བོ་གཞན་མི་ཚུ་ཡང་ ཨིང་ལེནཌ་ནང་འབདན་ མེན་ཅེསི་ཊར་དང་ བར་མིང་ཧམ་ དེ་ལས་ ལི་བར་པུའུལ་ཚུ་ཨིན་མས། ཨིས་ཀོཊ་ལེནཌ་ལུ་འབདན་ ཨི་ཌིན་བརག་དང་ གལསི་གོ། ཝེལསི་ལུ་འབདན་ ཀཱར་ཌིཕ། བྱང་ཕྱོགས་ ཨ་ཡར་ལེནཌ་ལུ་འབདན་ བེལ་ཕསཊ་ཨིན་པས།
མི་རློབས།
སྤྱི་ལོ་ ༢༠༢༥ ཚུན་ཚོད་ ཡིའུ་ཀེ་གི་མི་རློབས་འདི་ ས་ཡ་ ༦༨ དེ་ཅིག་ཡོདཔ་ཨིན་པས། མི་རློབས་འདི་ ཡུ་རོབ་ཀྱི་གནས་ཚད་ནང་ མི་རློབས་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཨིན་མས། མི་རློབས་འདི་ མང་ཆེ་བ་ཁྲོམ་ཁར་ཨིནམ་དང་ མི་རློབས་སྣ་ཚོགས་འདི་གིས་ དུས་རབས་ལས་བཅད་དེ་ གནས་སྤོ་འོང་མི་དང་ དབང་འོག་རྒྱལ་ཁབ་ལས་འོང་མི་གི་ རྒྱལ་རབས་ཚུ་ཡོདཔ་ཨིན་པས། མི་འབོར་ལོ་ན་རྒས་མི་ ཡར་སེང་འགྱོ་བའི་ཚ་གྱང་ཡོད་རུང་ ཕྱི་མི་ནང་སྐྱོད་ལས་བརྟེན་ མི་རློབས་ཡར་སེང་རྒྱུན་སྐྱོང་ལུ་ ཕན་ཐོགས་འདི་ཡོདཔ་ཨིན་པས།
མི་རིགས།
ཡིའུ་ཀེ་འདི་ མི་རིགས་སྣ་ཚོགས་ཡོད། མང་ཤོས་ར་ དཀརཔོ་གི་བིརི་ཊིཤ་དང་ དེ་གི་ཤུལ་ལས་ ལྷོ་ཨེ་ཤི་ཡཱན། མི་གནགཔོ་གི་རིགས་ལས་ ཨཕ་རི་ཀཱན་དང་ ཀེ་རི་བི་ཡཱན། ཨ་རབ། ཤར་ཡུ་རོབ་ཀྱི་མིའི་རིགས་རྒྱུད་ཚུ་གི་ མི་རློབས་ཡང་རྒྱ་ཆེཝ་སྦེ་ཡོདཔ་ཨིན་པས། ཁྲོམ་ཚོགས་ལྟེ་བ་ཚུ་ནང་ ལམ་སྲོལ་སྣ་ཚོགས་སྦེ་ཡོད་མི་འདི་ ཡུ་ཀེ་གི་མི་སྡེའི་གནས་སྟངས་ཨིན་མས།
ཁ་སྐད།
ཨིང་ལིཤ་འདི་ གཞུང་འབྲེལ་གྱི་ཁ་སྐད་ཨིནམ་དང་ ག་ཏེ་ལུ་ཡང་སླབ་ཨིན་པས། ལུང་ཕྱོགས་ཀྱི་ཁ་སྐད་ཚུ་ནང་ ཝེལཤ། ཨིསི་ཀོ་ཊིཤ་གེ་ལིཀ། ཨའི་རིཤ་ཚུ་ཨིན་པས། དེ་ལས་ ནང་སྐྱོད་འབད་མིའི་ཁ་སྐད་ཚུ་ཡང་ པཱན་ཇ་བི། ཨུར་དུ། པོ་ལིཤ། ཨ་ར་བིཀ་གི་ཁ་སྐད་ཚུ་ཚུདཔ་ཨིན། སྐད་གཉིས་ཤན་སྦྱར་གྱི་བརྡ་བྱང་འདི་ ཝེལསི་ལུ་དང་ ས་གོ་ལ་ལུ་ཅིག་སྦེ་ ཨིསི་ཀོཊ་ལེནཌ་དང་ བྱང་ཕྱོགས་ཨཡར་ལེནཌ་ནང་ཡོདཔ་ཨིན་པས།
བྱུང་རབས་དང་ཆོས་ལུགས།
ཡུ་ཀེ་ལུ་ བྱུང་རབས་འདི་ གཏིང་ཟབ་དང་ ནུས་པ་ཅན་ཅིག་སྦེ་ཡོདཔ་ཨིན་པས། ཧེ་མའི་དུས་སྐབས་ཅིག་ནང་ གླིང་ཆེན་ཚུ་ནང་ཁྱབ་ཡོད་པའི་ བིརི་ཊིཤ་རྒྱལ་ཁམས་ཀྱི་ ལྟེ་བ་ཅིག་སྦེ་སྡོད་ནུག། འཛམ་གླིང་ནང་ ལཱ་འགན་གཙོ་བོ་འབག་ཡོད་མི་ཚུ་ཡང་ བཟོ་གྲྭའི་གོང་འཕེལ་གླིང་སྒྱུར་དང་ འཛམ་གླིང་དམག་འཁྲུག་ དེ་ལས་ རྒྱལ་སྤྱིའི་ཕྱི་འབྲེལ་སྲིད་སྐྱོང་ཚུ་ནང་ ཨིན་པས། ཆོས་ལུགས་འདི་ སྣ་ཚོགས་སྦེ་ཡོདཔ་ཨིན་རུང་ ཡེ་ཤུའི་ཆོས་ལུགས་ དམིགས་བསལ་གྱིས་ ཨེང་ལི་ཀེན་ནི་ཟམ་(Anglicanism)དང་ ཀེ་ཐོ་ལི་སི་ཟམ་(Catholicism) དེ་ལས་ པེརས་བའི་ཊིརི་ནི་ཟམ་(Presbyterianism)ཚུ་ ཧེ་མ་ལས་ར་ ཁྱབ་ཆེཝ་སྦེ་ཡོདཔ་ཨིན་པས། ཆོས་ལུགས་གཞན་གྱི་གྲངས་སུ་ ཁ་ཆེ། ཧིན་དུ། སིཀ་ཁི་ཟམ། ཡ་ཧུ་དཱ་པའི་ཆོས་ལུགས་ཚུ་ཡོདཔ་ཨིན་པས།
ཁྲོམ་ཚོགས་གོང་འཕེལ།
བིརི་ཊིཤ་གི་ཁྲོམ་སྡེ་ཚུ་ བྱུང་རབས་དང་ དེང་སང་གི་ལྟེ་བ་ཨིན་པས། ལཱན་ཌཱན་ཁྲོམ་ཚོགས་ལུ་ ས་གོ་ཁག་ཆེ་བ་རང་ བཱ་ཀིང་ཧམ་ཕོ་བྲང་དང་ ལཱན་ཌན་གྱི་ཀ་རིང་ཚུ་ངོམ་སྟོནམ་ཨིན་མས། ཨི་ཌིན་བརཀ་ཁྲོམ་སྡེ་ལུ་ བཙན་རྫོང་དང་ ལམ་སྲོལ་གྱི་དུས་སྟོན་གྱི་དོན་ལུ་ ཡོངས་གྲགས་ཐོན་ཡོདཔ་ཨིན་པས། ཁྲོམ་སྡེའི་ས་ཁོངས་ཚུ་ནང་ མི་དམངས་ཞབས་ཏོག་དང་ སྤྲོ་སྟོན་ དེ་ལས་ མཐོ་རིམ་ཤེས་ཡོན་གཙུག་སྡེ་ཚུ་ལས་ ཤེས་ཡོན་ཞབས་ཏོག་ཚུ་ འཐོབ་དོ་ཡོདཔ་ཨིན།
གནམ་གཤིས།
ཡུ་ཀེ་ལུ་ ས་དྲོད་རན་ཏོག་ཏོ་གི་ ས་གཤིས་ཡོདཔ་དང་ དེ་ནང་ གནམ་བྱཱར་རན་ཏོག་ཏོ་དང་ གནམ་དགུན་བསིལ་སུ་ཅིག་ དེ་ལས་ ཆརཔ་འཕྲལ་འཕྲལ་ར་རྐྱབ་ཨིན་པས། ཉིན་རེ་ནང་ གནམ་གཤིས་འདི་ འགྱུར་ཡི་ར་འགྱོ་དོ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་ དགའ་ཤོས་ར་ གཡུས་ཁ་ལས་ཕར་ཧོ་ལྡེམ་ལྡེ། སྤོ་ཏོ་སྒང་ཏོའི་ས་ཆ། གངས་རི། མཚོ་འགྲམ་རིངམོ་ཚུ་ཡོདཔ་ལས་ མཛེས་ཆ་དང་ལྡན་པའི་ སའི་ཆགས་ལུགས་ཚུ་ཡོདཔ་ཨིན་པས།
གཞུང་སྐྱོང་།
ཡིའུ་ཀེ་འདི་ སྤྱི་ཚོགས་ཀྱི་དམངས་གཙོའི་རིང་ལུགས་ཡོད་པའི་ རྩ་ཁྲིམས་ཅན་གྱི་རྒྱལ་གཞུང་ཅིག་ཨིན། རྒྱལ་བརྒྱུད་འདི་ ༼ད་ལྟོ་མི་དབང་རྒྱལ་པོ་ཅཱལསི་ ༣ པ་༽ རྒྱལ་ཁམས་ཀྱི་ དབུ་ཁྲིདཔ་ཨིནམ་དང་ གཞུང་སྐྱོང་དབང་ཚད་ངོ་མ་འདི་ བློན་ཆེན་དང་སྤྱི་ཚོགས་ལུ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་ མངའ་སྡེ་ཚུ་ལུ་ གཞུང་སྐྱོང་དབང་ཚད་ བྱིན་ཡོདཔ་དང་ འདི་ཡང་ ཨིསི་ཀོཊ་ལེནཌ་དང་ ཝེལསི་ དེ་ལས་ བྱང་ཕྱོགས་ཨཡར་ལེནཌ་མངའ་སྡེ་ཚུ་ནང་ ས་གནས་དང་འཁྲིལ་ རང་སྐྱོང་གི་དབང་ཚད་ཀྱི་ གནས་ཚད་ཡང་མ་འདྲཝ་སྦེ་ བྱིན་ཡོདཔ་ཨིན་པས།
རང་བཞིན་ཆགས་རབས།
ཡིའུ་ཀེ་ལུ་ གངས་རི་ དཔེར་ན་ ཨིསི་ཀོ་ཊིཤ་ཧའི་ལེནཌ་དང་ ཨིསི་ནོ་ཌོ་ནི་ཡ། ས་ཐང་དམའ་ས། གཙང་ཆུ་ཐེམསི་དང་སེ་ཝརན། མའིལ་ ༧༠༠༠ དེ་ཅིག་གི་མཚོ་འགྲམ་ཚུ་ གཞན་དང་མ་འདྲཝ་སྦེ་ ཡོདཔ་ཨིན་པས། འདི་མ་ཚད་ རྒྱལ་ཡོངས་གླིང་ག་དང་ ནགས་ཚལ་ དེ་ལས་ རང་བཞིན་སྲུང་སྐྱོབ་འབད་ཡོད་པའི་ས་ཁོངས་ལེ་ཤ་ཡོདཔ་ཨིན་པས།
དཔལ་འབྱོར།
ཡིའུ་ཀེ་འདི་ གོང་འཕེལ་སྦོམ་འགྱོ་ཡོདཔ་དང་ ཞབས་ཏོག་གུ་གཞི་བཞག་པའི་དཔལ་འབྱོར་དང་གཅིག་ཁར་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཌོ་ལར་ཐེར་འབུམ་ ༣.༥ དེ་ཅིག་ཡོདཔ་ཨིན་པས། ལས་སྡེ་གཙོ་བོ་གི་གྲངས་སུ་ དངུལ་འབྲེལ། བཟོ་སྐྲུན། སྨན་བཟོ། འཕྲུལ་རིག། གསར་གཏོད་ཅན་གྱི་བཟོ་གྲྭ་ཁང་ཚུ་ ཚུདཔ་ཨིན། ཕྱིར་ཚོང་གཙོ་བོ་ར་ འཕྲུལ་ཆས། སྣུམ་འཁོར། རྫས་སྦྱོར། དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ཨིནམ་དང་ ནང་འདྲེན་གྱི་གྲངས་སུ་ གློག་འཕྲུལ་དང་ བཟའ་འཐུང་ དེ་ལས་ ནུས་ཤུགས་ཚུ་ཚུདཔ་ཨིན་པས།
ལམ་སྲོལ་དང་གྱོན་ཆས།
འཛམ་གླིང་ནང་ཁྱབ་ཆེ་བ་དང་ སྒྱུར་བའི་ནུས་པ་ལྡན་པའི་ བིརི་ཊིཤ་གི་ལམ་སྲོལ་འདི་ རྩོམ་རིག། གློག་བརྙན། སྙན་ཆ། བཟོ་བཀོད་ཚུ་ཨིན་པས། ཨིས་ཀོཊ་ལེནཌ་ལུ་ཡོད་པའི་ སྨད་གཡོགས་ཀིལཊ་(kilt)དང་ ཨིང་ལེནཌ་ལུ་ཡོད་པའི་ བའོ་ལར་གྱི་ཞྭམོ་(bowler hat)ལ་སོགས་པའི་ སྔར་སྲོལ་གྱི་གྱོན་ཆས་ཚུ་ ལག་ལེན་ཉམས་ཏེ་ ད་རེས་མང་ཤོས་ར་ དཔེ་བཏོན་གི་དོན་ལུ་རྐྱངམ་ཅིག་ ལག་ལེན་འཐབ་ཨིན་པས། དེང་སང་བིརི་ཊིཤ་གི་དུས་བབ་གྱོན་ཆས་ཚུ་ ཡོངས་གྲགས་ཅན་དང་ དཔེ་བཏོན་གྱི་མིང་གཏམ་ཡོདཔ་ཨིན་པས།
ལྟ་བཤལ།
རྒྱལ་རབས་ཅན་གྱི་ས་རྟགས། རྒྱལ་འཛིན་གྱི་སྔར་སྲོལ། རང་བཞིན་གྱི་མཛེས་ཆ། ལམ་སྲོལ་གྱི་དུས་སྟོན་ཚུ་ཡོད་པའི་ ཡིའུ་ཀེ་འདི་ ལྟ་བཤལཔ་ཚུ་གི་འོང་ས་གཙོ་བོ་ཅིག་ཨིན་པས། ལྟ་བཤལ་ཚུ་གི་གྲངས་སུ་ ཨིས་ཊོན་ཧེནཆ།(Stone henge) ཝེསཊ་མིནསི་ཊར་ཨེ་བི། ཨི་ཌིན་བརཀ་བཙན་རྫོང་། ད་ལེཀ་ཌིས་ཊིཀ་(The Lake District)ཚུ་ཚུདཔ་ཨིན། ལཱན་ཌཱན་རྐྱངམ་གཅིག་གིས་ ལོ་བསྟར་བཞིན་དུ་ རྒྱལ་སྤྱིའི་ལྟ་སྐོར་པ་ས་ཡ་སྦེ་བཀུག་དོ་ཡོདཔ་ཨིན་པས།
རྩེད་རིགས།
ཡིའུ་ཀེ་འདི་ རྐང་རྩེད། རག་བི། གཡུག་རིལ། ཐང་རིལ། རྒྱུག་རྩེད་ཚུ་བརྩིས་ཏེ་ རྩེད་རིགས་ལེ་ཤ་གི་སྐྱེ་ཡུལ་ཨིན། འདི་ལུ་ཨོ་ལིམ་པིག་དང་ཝིམ་བཱལ་ཌཱོན་བཟུམ་མའི་ དུས་སྟོན་འགོ་འདྲེན་འཐབ་ཡོདཔ་ཨིན། རྐང་རྩེད་འདི་ གནམ་མེད་ས་མེད་ ཡོངས་གྲགས་ཅན་ཨིནམ་དང་ པིརི་མི་ཡར་རྩེད་འགྲན་(Premier League)འདི་ འཛམ་གླིང་གི་རྩེད་འགྲན་ དྲག་ཤོས་ཅིག་ཨིན།
བཞེས་སྒོ།
བིརི་ཊིཤ་གི་བཞེས་སྒོ་ཚུ་ཡང་ ཉ་དང་ཁ་ཟས།(fish and chips) རོསིཏ་ཌི་ནར།(roast dinners) ཤེ་ཕརདས་པཱའི།(shepherd’s pie) ཨིང་ལིཤ་དྲོ་མཛར་(full English breakfast)ཚུ་ ཨིན་པས། ལམ་སྲོལ་སྣ་ཚོགས་སླ་བསྲེ་ལས་བརྟེན་ རྒྱ་གར་དང་ རྒྱ་ནག་ དེ་ལས་ མེ་ཌི་ཊེ་རེ་ནི་ཡཱན་གྱི་བཞེས་སྒོ་ཚུ་ཡང་ རྒྱལ་ཡོངས་ཀྱི་བཞེས་སྒོ་ གལ་གནད་ཅན་ཅིག་ལུ་གྱུར་ནུག། ཉི་མའི་ཇ་འདི་ སྔར་སྲོལ་གྱི་ ལམ་སྲོལ་ལག་ལེན་ཅིག་ཨིན་པས།
ཕྱི་འབྲེལ་མཐུན་ལམ།
ཡིའུ་ཀེ་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ཉེན་སྲུང་ཚོགས་སྡེ་གི་ གཏན་འཇགས་ཀྱི་འཐུས་མི། ཇི་སེ་བེན་(G7)། ནེ་ཊོ།(NATO) འཛམ་གླིང་སྤྱི་མཐུན་ཚོགས་པའི་(Commonwealth of Nations)འཐུས་མི་ཨིན་པས། སྤྱི་ལོ་ ༢༠༢༠ ལུ་ཡུ་རོབ་གཅིག་བསྡོམས་ཚོགས་པ་ལས་(European Union) ཐོན་འགྱོ་སྟེ་ ཚོང་འབྲེལ་དང་ ཕྱི་འབྲེལ་མཐུན་ལམ་ལུ་ གནོད་པ་བྱུང་ནུག། ཡིའུ་ཀེ་གིས་ ཡུ་ཨེས་དང་ ཡུ་རོབ་ དེ་ལས་ ཧེ་མ་དབང་འོག་བཙུགས་པའི་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་ལམ་སྒྲིང་སྒྲི་སྦེ་བཞགཔ་ཨིན་པས།
མཇུག་དོན།
ཡུ་ནའི་ཊེཌ་ཀིང་ཌོམ་འདི་ རྒྱལ་རབས་ཀྱི་རྗེས་ཤུལ་དང་ དེང་སང་གི་གོང་འཕེལ་ལས་བརྟེན་ སྟོབས་ཤུགས་ཅན་ཅིག་ཨིན་པས། རྒྱལ་ཁབ་འདི་ ལམ་སྲོལ་གྱི་གཞི་རྟེན་གཏིང་ཟབ། དམངས་གཙོའི་གཞུང་སྐྱོང་། མི་རློབས་སྣ་ཚོགས། རྒྱལ་སྤྱིའི་ནང་ངོ་ཡོད་པ་ལུ་བརྟེན་ཏེ་ འཛམ་གླིང་གི་ལས་འབྲེལ་གྱི་ནང་ལུ་ གཙོ་བོ་ཅིག་ཨིན་པའི་ཁར་ ལམ་སྲོལ་དང་ ཤེས་ཡོན་ དེ་ལས་ གསར་གཏོད་ཀྱི་ནང་ལུ་ གཞན་དང་མ་འདྲ་བའི་ས་གོ་ཅིག་སྦེ་ར་ཡོདཔ་ཨིན་པས།
རྒྱབ་རྟེན།
https://en.wikipedia.org/wiki/United Kingdom