སཱན་ཊོ་ཌོ་མིང་གོ་ཌི་གུ་ཟམ་མཱན།
༉ ཌོ་མི་ནི་ཀཱན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་དང་ཁྲོམ་ཚོགས་སྦོམ་ཤོས་ སཱན་ཊོ་ཌོ་མིང་གོ་ཌི་གུ་ཟམ་མཱན་འདི་ ཧིས་པ་ནིའོ་ལ་གླིང་ཕྲན་གྱི་ལྷོ་ཕྱོགས་མཚོ་འགྲམ་ལུ་ ཀེ་རི་བི་ཡན་མཚོ་ལུ་གདོང་གཏད་དེ་ཡོདཔ་ཨིན། ཁྲོམ་འདི་ མཐའ་འཁོར་གྱི་སན་ཊོ་ཌོ་མིང་གོ་མངའ་སྡེ་ལས་སོ་སོ་སྦེ་ཡོད་པའི་ རང་དབང་ཅན་གྱི་ཁྲོམ་སྡེ་རྫོང་ཁག་ཅིག་ཨིན་མི་ རྒྱལ་ཡོངས་རྫོང་ཁག་ནང་ལུ་ཆགས་ཡོདཔ་ཨིན། འདི་གི་ས་ཆའི་ཆགས་ཚུལ་འདི་ ཧ་ལམ་ ལྷོ་བྱང་མཚམས་ཐིག་ ༡༨.༥° དང་ ཤར་ནུབ་མཚམས་ཐིག་ ༦༩.༩° དེ་ཅིག་ཨིནམ་ལས་ ཚ་ཁུལ་གྱི་ས་ཁོངས་ནང་ཚུདཔ་ཨིན།
ཁྲོམ་ཚོགས་འདི་ ཀེ་རི་བི་ཡཱན་ལུ་འབབ་མི་ ཨོ་ཛ་མ་གཙང་ཆུ་གིས་ གཉིས་ལུ་དབྱེ་བ་ཕྱེ་སྟེ་ཡོདཔ་དང་ རྒྱལ་རབས་དང་འཁྲིལ་བ་ཅིན་ རང་བཞིན་གྱི་གྲུ་ཁ་འདི་ གཞི་བཙུགས་འབད་དེ་ ཡར་རྒྱས་འགྱོ་ཚུགས་ནུག། སཱན་ཊོ་ཌོ་མིང་གོ་ཌི་གུ་གི་ས་ཆ་འདི་ མཚོའི་མཐའ་མར་ ཧ་ལམ་ཅིག་ ལེབ་ཏེག་ཏེ་ཡོདཔ་ལས་ རིམ་གྱི་སྦེ་ གངས་རི་ཆུང་ཀུ་དང་གྱེན་ཐུར་ཚུ་ ཡར་སེང་འགྱོ་ནུག། ཁྲོམ་གྱི་གནམ་གཤིས་འདི་ ཚ་དྲོད་ཆེ་བའི་གནམ་གཤིས་ཅིག་ཨིནམ་ལས་ ལོ་བསྟར་བཞིན་དུ་ དྲོད་ཤུགས་མཐོ་དྲགས་དང་ རློན་གཤེར་དང་སྐམ་པའི་དུས་ཚོད་མ་འདྲཝ་སྦེ་ཡོདཔ་ཨིན་མས། ཆརཔ་འདི་ སྤྱི་ཟླ་ ༥ པ་དང་ ༡༡ པའི་བར་ན་ལུ་ ཤུགས་ཆེཝ་སྦེ་རྐྱབ་དོ་ཡོདཔ་དང་ མཚོ་མཐའི་ས་ཁོངས་འདི་ ཉེན་ཁ་ཅན་ཅིག་འབདཝ་ལས་ འཕྲལ་འཕྲལ་སྐབས་ ཚ་དྲོད་ཀྱི་རླུང་འཚུབ་དང་ རླུང་འཚུབ་ཚུ་ཡང་ འབྱུང་དོ་ཡོདཔ་ཨིན་མས།
ས་ཆའི་གནས་སྟངས་ཀྱི་ཐད་ལུ་ སཱན་ཊོ་ཌོ་མིང་གོ་ཌི་གུ་འདི་ དབང་འོག་ལྟེ་བ་ལས་ལྷག་སྟེ་ རྒྱ་སྐྱེད་འགྱོ་སྟེ་ དངུལ་འབྲེལ་གྱི་རྫོང་ཁག་མཐོ་དྲགས་དང་ བཟོ་གྲྭའི་ས་ཁོངས་ དེ་ལས་ མཐའ་ཟུར་གྱི་ས་ཁོངས་ཚུ་ཚུད་དེ་ཡོདཔ་ཨིན། དེང་སང་གི་ཁྲོམ་ཚོགས་ཀྱི་གཞི་རྟེན་མཐུན་རྐྱེན་དང་ རྒྱལ་རབས་དང་འཁྲིལ་ཏེ་ ཉམས་སྲུང་འབད་དེ་ཡོད་མི་ ཁྱིམ་ཚང་ཚུ་གི་བར་ནའི་ཁྱད་པར་འདི་གིས་ ཁྲོམ་ཚོགས་འདི་ སྲོལ་ཁྱུན་གྱི་ས་ཁོངས་དང་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ ལྟེ་བ་གཉིས་ཆ་ར་ཨིནམ་སྦེ་སྟོནམ་ཨིན།
སཱན་ཊོ་ཌོ་མིང་གོ་ཌི་གུ་ཟམ་མཱན་གིས་ འཛམ་གླིང་གསརཔ་ནང་ལུ་ ཨེསི་པི་ནིཤ་གིས་ དབང་འོག་བཙུགས་མི་གི་ས་གནས་འགོ་དང་པ་ཅིག་ཨིན་མས། སྟེ་ སྤྱི་ལོ་༡༤༩༦ ལུ་གཞི་བཙུགས་འབད་དེ་ སྤྱི་ལོ་༡༤༩༨ ལུ་གཞུང་འབྲེལ་དུ་ ངོས་ལེན་འབད་དེ་ཡོདཔ་ལས་ ཁྲོམ་ཚོགས་འདི་ ཨིསི་པེན་གྱི་དབང་འོག་ ཧིསི་པ་ནི་ཨོ་ལ་གི་རྒྱལ་ས་ལྟེ་བ་ལུ་འགྱུར་ཡོདཔ་དང་ ཤུལ་ལས་ ཨ་མི་རི་ཀ་ལུ་ ཨིསི་པེན་གྱི་རྒྱལ་ཁམས་རྒྱ་སྐྱེད་འགྱོ་མི་གི་ཡིག་ཚང་ལྟེ་བ་ལུ་འགྱུར་ནུག། ཁྲོམ་སྡེ་འདི་གི་ ངོ་རྟགས་ཆེ་ཤོས་ཅིག་ཨིན་མི་ དབང་འོག་རྒྱལ་ཁབ་ཀྱི་ས་གནས་འདི་ ཡུ་ནིསི་ཀོ་གི་འཛམ་གླིང་སྲོལ་རྒྱུན་ས་ཁོངས་ཅིག་ཨིན། འ་ནི་འདི་ཨེ་མི་རི་ཀ་ལུ་ ཡེ་ཤུའི་ལྷ་ཁང་འགོ་དང་པ་དང་ སྨན་ཁང་འགོ་དང་པ་ དེ་ལས་ གཙུག་ལག་སློབ་སྡེ་འགོ་དང་པ་དང་ ཁྲིམས་ཀྱི་ཁྲིམས་ཁང་འགོ་དང་པ་ཚུ་བརྩིས་ཏེ་ རྩ་ཅན་གྱི་ས་གནས་ཅིག་ཨིན་མས།
ཁྲོམ་འདི་ནང་ལུ་ མི་རིགས་དང་ལམ་སྲོལ་མ་འདྲཝ་ཡོདཔ་ལས་ མི་སེར་མང་ཤོས་ཅིག་གིས་ར་ ཡུ་རོབ་ཀྱི་གཞི་ཆགས་མི་དང་ ཨེ་ཕཱིརི་ཀ་དབང་འོག་ དེ་ལས་ ཊེའི་ནོ་ (Taíno) གི་མི་ཁུངས་ཚུ་གི་བར་ན་ དུས་རབས་ལས་བཅད་དེ་ སླ་བསྲེ་རྐྱབ་མི་ལས་བརྟེན་ཏེ་ མཱེསི་ཊི་ཟོ་དང་ ཡང་ན་ མཱུ་ལ་ཊོ (mulatto) ཟེར་ངོས་འཛིན་འབདཝ་ཨིན་མས། ད་རུང་ ཁྲོམ་ཚོགས་འདི་ནང་ ལམ་སྲོལ་སྣ་ཚོགས་ཀྱི་རང་གཤིས་ལུ་ ཕན་ཐོགས་བྱུང་མི་ ཧཱེའི་ཊེཡན་ (Haitian) དང་ ཝེ་ནི་ཟུ་ལ (Venezuela) དེ་ལས་ རྒྱ་ནག་ལས་འོང་མི་གི་མི་སྡེ་གལ་ཅན་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་ ཁྲོམ་ཚོགས་ནང་གནས་སྤོ་འགྱོ་མི་འདི་གིས་ མི་རློབས་ཡར་སེང་འགྱོ་དོ་ཡོདཔ་ལས་ གྲོང་གསེབ་མངའ་སྡེ་ཚུ་ནང་ལས་ ཌོ་མི་ནི་ཀཱན་ཚུ་ ལཱ་གཡོག་དང་ ཤེས་རིག་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་འཚོལ་བར་ རྒྱལ་ས་ལྟེ་བ་ལུ་འགྱོ་དོ་ཡོདཔ་ཨིན་མས།
སཱན་ཊོ་ཌོ་མིང་གོ་འདི་ ཌོ་མི་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ཀྱི་ ལམ་སྲོལ་གྱི་རྒྱལ་ས་ལྟེ་བ་ཅིག་ཨིན། རྒྱལ་ཡོངས་ཀྱི་རྟགས་མཚན་རྐྱངམ་གཅིག་མེན་པར་ རྒྱལ་སྤྱིའི་ནང་ ཕྱིར་ཚོང་འཐབ་མི་ མེ་རེན་གུ་དང་ བཱ་ཅ་ཏ་གི་ སྙན་ཆའི་རིགས་གཉིས་ འབྱུང་སའི་ས་གནས་ཨིན་པས། ལམ་སྲོལ་དང་དུས་སྟོན་གྱི་ཐད་ཁར་ ལོ་བསྟར་གྱི་ལས་རིམ་ ཀཱར་ན་ཝལ་ (Carnaval) དང་ པཱེརེསི་ཊི (Presete) དེ་ལས་ སི་མི་ན་ སཱན་ཊ (Semana Santa) ཚུ་ ཁག་ཆེ་ཤོས་ཅིག་ཨིནམ་དང་ འདི་ནང་ལུ་ ཁྲོམ་སྐོར་དང་སྙན་ཆ་ དེ་ལས་ ཆོས་དོན་གྱི་དུས་སྟོན་ཚུ་ འབྲེལ་གཏོགས་འབད་དེ་ ས་གནས་ཀྱི་མི་དང་ལྟ་བཤལཔ་ཚུ་གིས་ སྤྲོ་བ་བསྐྱེད་དེ་བཅའ་མར་གཏོགས་དོ་ཡོདཔ་ཨིན།
ཨིན་རུང་ སཱན་ཊོ་ཌོ་མིང་གོ་ཌི་གུ་ནང་ མི་སྡེ་དཔལ་འབྱོར་འདྲ་མཉམ་མེད་མི་འདི་གིས་ གནམ་མེད་ས་མེད་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་ཨིན། དེ་ཡང་ དབུལ་ཕོངས་དང་གཞི་རྟེན་མཐུན་རྐྱེན་ལངམ་སྦེ་མེད་མི་ དེ་ལས་ མི་མང་ཞབས་ཏོག་ཚད་འཛིན་འབད་མི་ཚུ་ཨིན་པས། ཤེས་རིག་དང་གསོ་བའི་ཞབས་ཏོག་ལམ་ལུགས་ཚུ་ ཡར་དྲག་འགྱོ་དོ་ཡོད་རུང་ དམིགས་བསལ་གྱིས་ གཞུང་དང་སྒེར་གྱི་གཙུག་སྡེ་ཚུ་གི་བར་ན་ ཁྱད་པར་དེ་ ད་ལྟོ་ཡང་ ཡོདཔ་ཨིན་པས། སཱན་ཊོ་ཌོ་མིང་གོ་ཌི་གུ་ཟམ་མཱན་ལུ་ ཚོང་འབྲེལ་འདི་ ཡར་རྒྱས་འགྱོ་དོ་ཡོདཔ་ལས་ ཨ་གཱོ་ར་དང་ སམ་བཱིལ་ (Sambil) གི་ཚོང་འབྲེལ་ལྟེ་བ་ཚུ་གིས་ རྒྱལ་སྤྱིའི་ཚོང་རྟགས་དང་ སྤྲོ་སྟོན་གྱི་ས་ཁོངས་ཚུ་ བྱིན་དོ་ཡོདཔ་ཨིན། ལྟ་བཤལ་གྱི་ཐད་ཁར་ མཚོ་འགྲམ་གྱི་ས་གནས་ པུ་ན་ཊ་ ཀེ་ན་(Punta Cana) བཟུམ་མེན་རུང་ སཱན་ཊོ་ཌོ་མིང་གོ་ཌི་གུ་གིས་ རྒྱལ་རབས་དང་ལམ་སྲོལ་གྱི་མཆོད་འབུལ་ཚུ་གི་དོན་ལུ་ ལྟ་བཤལཔ་ཚུ་ འཐེན་དོ་ཡོདཔ་ཨིན་མས།
སན་ཊོ་ཌོ་མིང་གོ་འདི་ མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་མི་ལུ་བརྟེན་ འགྲུལ་སྐྱོད་ཀྱི་ དཀའ་ངལ་དང་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ དེ་ལས་ མི་མང་ཞབས་ཏོག་ཚུ་ལུ་ དཀའ་ངལ་བྱུང་ཡོདཔ་ཨིན་པས། འདི་ལུ་གདོང་ལེན་འབད་ནིའི་དོན་ལུ་ གཞུང་གིས་ མེ་ཊོ་ཌི་སཱན་ཊོ་ཌོ་མིང་གོ་འདི་ རྒྱ་སྐྱེད་གཏང་ནི་གི་དོན་ལུ་ མ་རྩ་བཙུགས་ཏེ་ཡོདཔ་དང་ ད་རེས་ ལམ་ཐིག་གཉིས་ཡོདཔ་ལས་ ད་རུང་ རྒྱ་སྐྱེད་འབད་ནི་གི་འཆར་གཞི་འདུག།
དེ་ལས་ མཐའ་འཁོར་གནས་སྟངས་ཀྱི་ཐད་ཁར་ ཨོ་ཛ་མ་དང་ ཨི་ས་བེ་ལ་གཙང་ཆུ་བཙོག་རླུང་དང་ ཕྱགས་སྙིགས་འཛིན་སྐྱོང་ལེགས་ཤོམ་མེད་མི་ དེ་ལས་ རླུང་གི་སྤུས་ཚད་ཀྱི་གནད་དོན་ཚུ་ འཕྲོ་མཐུད་དེ་ར་འབྱུང་དོ་ཡོདཔ་ཨིན་པས། ནགས་ཚལ་མེདཔ་བཏང་མི་དང་ ཁྲོམ་ཚོགས་རྒྱ་སྐྱེད་འགྱོ་མི་འདི་གིས་ སྔོ་ལྗང་གི་ས་གོ་ཚུ་ མར་ཕབ་འགྱོ་སྟེ་ཡོདཔ་ད་ མཐའ་འཁོར་གནས་སྟངས་ཀྱི་ གཞུང་མིན་ལས་ཚོགས་དང་ གཞུང་གི་ལས་སྡེ་ཚུ་གིས་ གཙང་ཆུ་སེལ་ནིའི་ལས་འགུལ་དང་ ནགས་ཚལ་ལོག་འཛུགས་སྐྱོང་གི་བསྐུལ་བསྒྲགས་ཚུ་ འབད་བའི་བསྒང་ཡོད་རུང་ གདོང་ལེན་ཚུ་ ལུས་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ མི་མང་ཤེས་ཡོན་ནང་ ཡར་རྒྱས་འགྱོ་མི་དང་ སྒེར་གྱི་གཙུག་ལག་སློབ་སྡེ་ཚུ་ ཡར་རྒྱས་འགྱོ་མི་ དེ་ལས་ ཕྱི་རྒྱལ་གྱི་མཉམ་འབྲེལ་ཡར་སེང་འགྱོ་མི་ཚུ་གིས་ སན་ཊོ་ཌོ་མིང་གོ་འདི་ ཤེས་རིག་གི་ལྟེ་བ་ཅིག་སྦེ་ གནས་རིམ་བཟོ་ནི་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན། མཉེན་ཆས་བཟོ་སྐྲུན་དང་ ཚོང་འབྲེལ་གསར་གཏོད་ དེ་ལས་ ཨིང་སྐད་ཀྱི་ སློབ་སྟོན་ཚུ་གི་ལས་རིམ་ཚུ་གིས་ འཛམ་གླིང་དཔལ་འབྱོར་གྱི་དོན་ལུ་ ཌོ་མི་ནི་ཀཱན་ན་གཞོན་ཚུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས། སྟེ་ སཱན་ཊོ་ཌོ་མིང་གོ་ཌི་གུ་ཟམ་མཱན་འདི་ རྒྱལ་རབས་ཀྱི་ཕྱུགཔོ་དང་ དེང་སང་གི་འབྲེལ་བ་སྦོམ་ཡོད་པའི་ཁྲོམ་ཚོགས་ཅིག་ཨིནམ་ལས་ ཁྲོམ་གྱི་ས་གནས་དང་ ས་ཆའི་གནས་སྟངས་ དེ་ལས་ སྲོལ་ཁྱུན་ཕྱུགཔོ་ཚུ་གིས་ བཟོད་བསྲན་གྱི་རྟགས་མཚན་ཅིག་སྦེ་བཟོ་ཡོདཔ་དང་ ན་གཞོན་ཚུ་གི་ནུས་ཤུགས་དང་ ཚོང་འབྲེལ་གྱི་སེམས་ཤུགས་འདི་གིས་ མ་འོངས་པའི་ཁས་བླངས་དང་ལྡན་པའི་ བརྡ་མཚོན་སྟོནམ་ཨིན་མས།
རྒྱབ་རྟེན་ཐོ།
༡) ཊོའི་ཌར་ ཀེ་དང་ ཀེ་པཱལན་ ཨི་ (གནམ་ལོ་མེད ༢༠༡༢) ཌོ་མི་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ (ས་གནས་གཞན་གྱི་འགྲུལ་སྐྱོད་ལམ་སྟོན།) ཌོ་མི་ནི་ཀན་དཔར་སྐྲུན།
༢) ནི་མོ་ ཨེས་ཝའི་བི་ (གནམ་ལོ་མེད ༢༠༢༠) ས་ཆའི་གནས་སྟངས་དང་མི་རིགས་ཀྱི་ལོ་རྒྱུས། སན་ཊོ་ཌོ་མིང་གོ་གི་ དབང་འོག་ལྟ་བཤལ། (མཁས་དབང་གི་ཞིབ་འཇུག་རྩོམ་ཡིག)
༣) ཨོར་གཱསེ་ཨ་གུའི་ར་ ཨེཕཱ་དང་གུསེ་མཱན་ ཇེ་ཨེ་ཨེ དེ་ལས་ ཀཱསེ་ཊི་ལི་ནོསེ་ཝར་ཊོ་གོ་ ཨེམ (གནམ་ལོ་མེད ༢༠༡༥) ལྟ་བཤལ་དང་ཡུན་བརྟན་གོང་འཕེལ་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གི་མནོ་ལུགས། ཌོ་མི་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ནང་གི་ཞིབ་འཇུག། ཀེ་རི་བིཡན་དཔལ་འབྱོར་བསྐྱར་ཞིབ། བམ་ཚན་ ༡༥།