ལེཊི་བི་ཡ
ལཊ་བི་ཡ། Latvia
| ལེཊི་བི་ཡ། Latvija | ||
|
| ||
![]() | ||
༉ ལཊ་བི་ཡ་འདི་ གཞུང་འབྲེལ་དུ་ ལཊ་བི་ཡ་སྤྱི་མཐུན་རྒྱལ་ཁབ་དང་ བྱང་ཕྱོགས་ཡུ་རོབ་ཀྱི་ བཱལ་ཊིག་རྒྱལ་ཁབ་ཅིག་ཨིནམ་དང་ བྱང་ཕྱོགས་ལུ་ ཨེས་ཊོ་ནི་ཡ་དང་ ལྷོ་ཕྱོགས་ལུ་ ལི་ཐུ་ཝེ་ནི་ཡ་ ཤར་ཕྱོགས་ལུ་ ར་ཤི་ཡ་ ཤར་ལྷོ་ཕྱོགས་ལུ་ བེ་ལ་རུས་དང་ ནུབ་ཕྱོགས་ལུ་ བཱལ་ཊིག་མཚོ་ཚུ་དང་ས་མཚམས་ཡོདཔ་ཨིན། རྒྱལ་ཁབ་འདི་རང་དབང་མ་ཐོབ་པའི་སྔོན་མ་ ཇར་མན་དང་ སུའི་ཌིཤ་ པོ་ལིཤ་ དེ་ལས་ ར་ཤི་ཡ་གི་དབང་ཚད་ཚུ་གིས་ ཤན་ཞུགས་འབད་བའི་ བྱུང་རབས་རིངམོ་ཡོདཔ་ཨིན།
ལཊ་བི་ཡ་འདི་ འགོ་དང་པ་ ལོ་ངོ་ ༩༠༠༠ ལྷགཔ་ཅིག་གི་ཧེ་མ་ བཱལ་ཊིག་མི་རིགས་ཚུ་གིས་ གཞི་ཆགས་ཡོདཔ་དང་ དུས་རབས་ ༡༢ པའི་ནང་ ཇར་མ་ནི་གི་ཚོང་པ་ཚུ་གིས་ དབང་ཤུགས་ཆེ་བའི་ ཧན་སི་ཊིག་ཚོགས་པའི་འོག་ལུ་ ཚོང་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་ལུ་གྱུར་ནུག། མར་སེ་ལོ་གཱ་མེ་རོ་ (Marcelo Gameiro, 2024) གིས་ དུས་རབས་ ༡༨ པའི་ནང་ ལཊ་བི་ཡ་འདི་ ར་ཤི་ཡའི་རྒྱལ་ཁམས་ཀྱིས་ དབང་དུ་བསྡུ་ཡོདཔ་དང་ འཛམ་གླིང་དམག་ཆེན་གཉིས་པའི་ཤུལ་ལས་ སོ་ཝེཊ་ཡུ་ནིའོན་གྱི་ཆ་ཤས་ཅིག་ལུ་གྱུར་ནུག། སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ ལཊ་བི་ཡ་གིས་ ཡུ་ཨེས་ཨེས་ཨེར་ ཧྲམ་འགྱོ་བའི་ཤུལ་ལུ་ རང་དབང་ཐོབ་ཡོད་ཟེར་བཀོད་དེ་ཡོད་པའི་ཁར་ དེ་ལས་ཚུར་ དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ལུ་གྱུར་ཏེ་ སྤྱི་ལོ་ ༢༠༠༤ ལུ་ ཡུ་རོ་པིན་མཉམ་འབྲེལ་དང་ ནེ་ཊོ་ནང་འཛུལ་ཞུགས་འབད་དེ་ ལུང་ཕྱོགས་ནང་ དཔལ་འབྱོར་མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་མི་ རྒྱལ་ཁབ་ཅིག་ལུ་གྱུར་ཡོདཔ་ཨིན་ཟེར་བཤད་དེ་འདུག།
ལཊ་བི་ཡ་ལུ་ ས་གཞི་ཀི་ལོ་མི་ཊར་གྲུ་བཞིམ་ (༦༤,༥༨༩) ཡོད་པའི་ཁར་ རྒྱལ་ཁབ་འདི་ནང་ མི་རློབས་ས་ཡ་ ༡.༨ དེ་ཅིག་ཡོདཔ་དང་ མི་རིགས་ལཊ་བི་ཡ་ བརྒྱ་ཆ་ ༦༢ དེ་ཅིག་གིས་མང་ཤོས་ཡོདཔ་ཨིན། དེ་གི་ཤུལ་ལས་ ར་ཤི་ཡ་གི་བརྒྱ་ཆ་ ༢༥ དེ་ལས་ བེ་ལ་རུ་ཤི་ཡན་དང་ ཡུ་ཀེ་རེན་ དེ་ལས་ པོ་ལེནཌ་གྱི་མངའ་སྡེ་ཆུང་ཀུ་ཚུ་ཨིན་པས། ལཊ་བི་ཡ་འདི་ ལུང་ཕྱོགས་ལྔ་ལུ་དབྱེ་སྟེ་ཡོདཔ་ཨིན། དེ་ཡང་ ཝིཊ་ཛེམེ་ ཀ་ར་ཛེ་མེ་ ལཊ་གྷེལ་ ཟེམ་གྷེལ་དང་ སེ་ལི་ཇ་ཚུ་ཨིན། ཝིཊ་ཛེམེ་འདི་ རྒྱལ་ས་ལྟེ་བ་ རི་གྷ་གི་ཁྱིམ་དང་ ནགས་ཚལ་དང་བཙན་རྫོང་ཚུ་གི་དོན་ལུ་ ཡོངས་དྲགས་ཅན་ཅིག་ཨིན། རི་གྷ་འདི་ ལཊ་བི་ཡ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན་པའི་ཁར་ འདི་ནང་ལུ་ མི་རློབས་ ༦༠༠,༠༠༠ དེ་ཅིག་སྡོད་ཡོདཔ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ སྲིད་དོན་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན་པས། རི་གྷ་འདི་ རྒྱལ་ཁབ་ཀྱི་ཚོང་འབྲེལ་དང་ དངུལ་འབྲེལ་གྱི་ལྟེ་བ་ངོ་མ་ཅིག་ཨིནམ་དང་ དེ་ནང་ འཕྲུལ་རིག་དང་ འགོ་བཙུགས་བཟོ་གྲཱ་ དེང་སང་གི་གཞི་རྟེན་མཐུན་རྐྱེན་ དེ་ལས་ སྒྱུ་རྩལ་གྱི་མཐོང་སྣང་ཚུ་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན། (གུན་ཏིས་སྨིད་ཆེན། Guntis Smidchens 2025) ཟེར་བཀོད་ནུག།
ལཊ་བི་ཡ་འདི་ སྤྱི་ཚོགས་ཀྱི་མི་སེར་རྒྱལ་ཁབ་ཅིག་ཨིནམ་ལས་ གཞུང་འདི་ བཙག་འཐུ་གྲུབ་པའི་སྤྱི་ཚོགས་དང་ བློན་ཆེན་གྱིས་ འགོ་འཁྲིད་འབདཝ་ཨིན། དེ་ལས་ སྲིད་འཛིན་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ བློན་ཆེན་གྱིས་ གཞུང་གི་དབུ་ཁྲིད་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་སྤྱི་ཚོགས་ནང་ ལོ་ ༤ གི་དོན་ལུ་ བཙག་འཐུ་གྲུབ་མི་ འཐུས་མི་ ༡༠༠ ཡོདཔ་ཨིན་པས། ལཊ་བི་ཡ་འདི་ དམངས་གཙོའི་གཞུང་དང་ འགྲོ་བ་མིའི་ཐོབ་དབང་གི་སྲིད་བྱུས་སྒྲིང་སྒྲི་ དེ་ལས་ ཡུ་རོ་པིན་མཉམ་འབྲེལ་དང་ ནེ་ཊོ་ དེ་ལས་ འཛམ་གླིང་སྤྱི་ཚོགས་ནང་ བཅའ་མར་གཏོགས་ཡོད་པའི་ ཡོངས་གྲགས་ཡོདཔ་ཨིན། (Aivars Stranga & James H. Bater 2025) ཟེར་བཀོད་དེ་འདུག།
ལཊ་བི་ཡའི་ལམ་སྲོལ་འདི་ མི་སྡེའི་ལམ་སྲོལ་དང་ སྙན་ཆ་ དེ་ལས་ རྩོམ་རིག་ཚུ་ནང་ གཏིང་ཟབ་པ་སྦེ་ རྩ་བ་བཙུགས་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་ ཡུ་ནིསི་ཀོ་གིས་ ངོས་ལེན་འབད་མི་ ལམ་སྲོལ་གྱི་ལས་རིམ་ ལོ་ ༥ རེ་ནང་ འགོ་འདྲེན་འཐབ་མི་ ལཊ་བི་ཡན་གྱི་ཞབས་ཁྲ་དང་ཞབས་ཁྲའི་དུས་སྟོན་ལུ་ ཡོངས་གྲགས་ཡོདཔ་ཨིན་པས། ལཊ་བི་ཡཱན་འདི་ གཞུང་འབྲེལ་སྐད་ཡིག་ཅིག་ཨིནམ་མ་ཚད་ བཱལ་ཊིག་གི་སྐད་ཡིག་ཡང་དག་པ་ཅིག་ལས་བརྒལ་མེདཔ་ཨིན། ར་ཤི་ཡའི་སྐད་ཡིག་འདི་ དམིགས་གསལ་གྱིས་ མི་རྒས་ཤོས་དང་ ཁྲོམ་ཚོགས་ཚུ་ནང་ ཁྱབ་ཆེཝ་སྦེ་སླབ་ཨིནམ་དང་ ཨིང་སྐད་དང ཇར་མ་ནིའི་སྐད་ཡིག་འདི་ མི་རབས་གསརཔ་དང་ ཚོང་འབྲེལ་གྱི་ས་ཁོངས་ཚུ་ནང་ ཡོངས་དྲགས་སྦེ་སླབ་ཨིན། ལཊ་བི་ཡ་གི་ ཆོས་ལུགས་འདི་འབད་བ་ཅིན་ མི་མང་ཤོས་ཅིག་གིས་ར་ ལུ་ཐར་ཆོས་ལུགས་དང་ ཀེ་ཐོ་ལིག་ཆོས་ལུགས་ དེ་ལས་ ཡ་རབས་ཆོས་ལུགས་ཚུ་ གཙོ་བོ་སྦེ་ཆ་བཞགཔ་ཨིན་པས། ཨིན་རུང་ མི་མང་ཤོས་ཅིག་གིས་ར་ སོ་ཝེཊ་གི་དུས་སྐབས་ཀྱི་ཤན་ཞུགས་ལུ་བརྟེན་ཏེ་ ཆོས་དང་འབྲེལ་བ་མེདཔ་སྦེ་ངོས་འཛིན་འབདཝ་ཨིན། (ཝི་ཀིཔི་ཌི་ཡ། ༢༠༢༥) ཟེར་བཤད་དེ་འདུག།
ལཊ་བི་ཡ་ལུ་ འོང་འབབ་མཐོ་བའི་དཔལ་འབྱོར་ཡོདཔ་ལས་ བཟོ་གྲཱ་གཙོ་བོ་ཚུ་ཡང་ དངོས་ཟོག་དང་ བཟོ་སྐྲུན་ དངུལ་འབྲེལ་ དེ་ལས་ བརྡ་དོན་འཕྲུལ་རིག་ཚུ་ཨིན་པས། དེ་ཡང་ རྒྱལ་ཁབ་ཀྱི་ཐབས་བྱུས་ཅན་གྱི་ས་གནས་འདི་གིས་ ཡུ་རོབ་དང་ར་ཤི་ཡ་གི་བར་ན་ འགྲུལ་སྐྱོད་ཀྱི་ལྟེ་བ་གཙོ་བོ་སྦེ་བཟོ་དོ་ཡོདཔ་དང་ དངུལ་ཁང་ལ་ལུ་ཅིག་གིས་ ཏི་རུ་བཙོང་ནིའི་ཚ་གྱང་ལུ་བརྟེན་ བརྟག་ཞིབ་འབད་དགོཔ་ཐོན་ཏེ་ཡོད་རུང་ དངུལ་ཁང་ལས་སྡེ་ལེགས་ཤོམ་སྦེ་ གོང་འཕེལ་འགྱོ་སྟེ་ཡོདཔ་ཨིན། (Aivars Stranga & James H. Bater 2025) གིས་ རྒྱལ་ཁབ་འདི་ སྤྱི་ལོ་ ༢༠༡༤ ལས་ ཡུ་རོ་འདི་ ཏི་རུ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ས་ཆ་བརྒྱ་ཆ་ ༤༠ དེ་ཅིག་ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ལས ཤིང་དང་ཤིང་གི་བཟོ་གྲྭ་འདི་ བཟོ་གྲྭ་གཙོ་བོ་ཅིག་ལུ་གྱུར་ཡོདཔ་དང་ རྒྱལ་ཁབ་འདི་ནང་ འབྲུ་སྣ་དང་ ཆུམ་ དེ་ལས་ ཉ་གི་ཐོན་སྐྱེད་ཚུ་ཡང་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན། ཟེར་བཀོད་དེ་འདུག། རྒྱལ་ས་ལྟེ་བ་རི་གྷ་འདི་ ལྟ་བཤལ་གྱི་ས་གནས་གཙོ་བོ་ཅིག་ཨིནམ་ལས་ རྒྱལ་རབས་དང་ མཚན་མོའི་མི་ཚེ་ དེ་ལས་ བཟོ་རིགས་ཚུ་གི་ཐོག་ལས་ ཡོངས་དྲགས་ཡོདཔ་ཨིན་པའི་ཁར་ མཐོང་སྣང་ཚུ་ཡང་ གའུ་ཇ་རྒྱལ་ཡོངས་གླིང་ག་ ཇུར་མ་ལའི་མཚོ་འགྲམ་གྱི་སྐྱིད་གནས་ དེ་ལས་ རུན་ཌེལ་ཕོ་བྲང་ཚུ་ཨིན། ལཊ་བི་ཡ་ལུ་ འཕྲུལ་རིག་ལས་སྡེ་ཡར་རྒྱས་འགྱོ་དོ་ཡོདཔ་དང་ རི་གྷ་འདི་ འགོ་བཙུགས་ལྟེ་བ་ཅིག་སྦེ་ ཐོན་དོ་ཡོདཔ་ཨིན། རྒྱལ་ཁབ་ནང་ ཌི་ཇི་ཊཱལ་དཔལ་འབྱོར་ སྒྲིང་སྒྲི་ཡོདཔ་ལས་ ཡོངས་འབྲེལ་གྱི་མགྱོགས་ཚད་དང་ གློག་རིག་གཞུང་སྐྱོང་ནང་ གནས་རིམ་མཐོ་ཤོས་ཡོདཔ་ཨིན་པས།
ལཊ་བི་ཡའི་རྒྱལ་ཁབ་འདི་ ཡར་རྒྱས་སོང་ཡོད་རུང་ ལཊ་བི་ཡ་ལུ་ གདོང་ལེན་ལེ་ཤ་ཅིག་ར་ཡོདཔ་ཨིན། དེ་ཡང་ སྐྱེས་ཚད་དམའ་བ་དང་ གནས་སྤོ་འགྱོ་མི་ལུ་བརྟེན་ ལཊ་བི་ཡ་གི་མི་རློབས་འདི་ མགྱོགས་དྲགས་སྦེ་ མར་ཕབ་འགྱོ་དོ་ཡོདཔ་ཨིན། ན་གཞོན་མང་ཤོས་ཅིག་གིས་ ལཱ་གཡོག་གི་གོ་སྐབས་ལེགས་ཤོམ་ཐོབ་ནིའི་དོན་ལུ་ ཇར་མ་ནི་དང་ ཡུ་ཀེ་ དེ་ལས་ ནོར་ཌིག་རྒྱལ་ཁབ་ཚུ་ནང་ འགྱོ་དོ་ཡོདཔ་ཨིན། (Bartosz Chmielewski 2023) ཟེར་བཀོད་ནུག། ལཊ་བི་ཡ་གིས་ ཡུ་རོབ་མཐུན་ཚོགས་དང་ ར་ཤི་ཡ་གཅིག་ཁར་ ཚོང་འབྲེལ་ལུ་ ཤུགས་སྦེ་ར་བློ་གཏད་བསྐྱེད་དོ་ཡོདཔ་ལས་ འཛམ་གླིང་དཔལ་འབྱོར་གྱི་ འགྱུར་བ་དང་ ར་ཤི་ཡ་གཅིག་ཁར་ སྲིད་དོན་གྱི་ རྩོད་རྙོགས་འབྱུང་སྲིད་ནི་ཨིན་པས། རྒྱལ་ཁབ་འདི་ནང་ལུ་ ཨུ་རུ་སུ་གི་ ཁ་སླབ་མི་ མི་རློབས་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ སྐད་ཡིག་གི་སྲིད་བྱུས་དང་ བྱུང་རབས་ཀྱི་ལོ་རྒྱུས་ཚུ་གི་སྐོར་ལས་ འཕྲལ་འཕྲལ་སྐབས་ མ་འགྲིགསཔ་ཐོན་དོ་ཡོདཔ་ཨིན། དེ་ལས་ རྒྱལ་ཁབ་གི་ངན་ལྷད་བཀག་སྡོམ་གྱི་ཐབས་ལམ་ཚུ་ ཡར་དྲགས་བཏང་ཡོད་རུང་ དངུལ་ཁང་ལས་སྡེ་ནང་ ཏི་རུ་བཙོང་ནིའི་གནད་དོན་ཚུ་ཐོན་ཡོདཔ་ལས་ ཁྲིམས་ལུགས་ཚུ་ དམ་དམ་སྦེ་བཟོ་དགོཔ་ཐོན་ནུག། ལཊ་བི་ཡ་འདི་ ཡར་རྒྱལ་འགྱོ་བའི་རྒྱལ་ཁབ་ཅིག་ཨིན་རུང་ གྲོང་གསེབ་ས་ཁོངས་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ སྐྱོ་དྲགས་དང་ མ་རྩ་མ་བཙུགས་མི་ དེ་ལས་ མི་རློབས་མར་ཕབ་འགྱོ་མི་ལུ་བརྟེན་ དཀའ་ངལ་བྱུང་དོ་ཡོདཔ་དང་ རི་གྷ་ལུ་ དཔལ་འབྱོར་གྱི་ཐད་ཁར་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན་པས།
ལཊ་བི་ཡ་འདི་ བཱལ་ཊིག་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་དང་ དཔལ་འབྱོར་སྟོབས་ཤུགས་ཅན་ དེ་ལས་ ས་ཆའི་གནས་སྟངས་མཛེས་ཏོག་ཏོ་ཡོད་མི་ལུ་བརྟེན་ཏེ་ ཡོངས་དྲགས་ཡོདཔ་ཨིན། ཡུ་རོབ་མཐུན་ཚོགས་དང་ ནེ་ཊོ་གི་འཐུས་མི་ཅིག་འབདཝ་ལས་ སྤྱི་ལོ་ ༡༩༩༡ ལུ་ རང་དབང་ཐོབ་པའི་ཤུལ་ལས་ ཡར་རྒྱས་སྦོམ་སྦེ་ར་འགྱོ་ཡོདཔ་ཨིན་རུང་ མི་རློབས་མར་ཕབ་འགྱོ་མི་དང་ དཔལ་འབྱོར་ལུ་བརྟེན་སྡོད་མི་ དེ་ལས་ ལུང་ཕྱོགས་འདྲ་མཉམ་མེད་པའི་གདོང་ལེན་ཚུ་ ད་ལྟོ་ཡང་མཐོང་ཚུགས་པས། ཐབས་བྱུས་ཅན་གྱི་ས་གནས་དང་ འཕྲུལ་རིག་གི་དཔལ་འབྱོར་ དེ་ལས་ ལམ་སྲོལ་ཚུ་ ཡར་རྒྱས་འགྱོ་སྟེ་ཡོདཔ་ལས་ བཱལ་ཊིག་ལུང་ཕྱོགས་དང་ ཡོ་རོབ་ལུ་ གལ་ཅན་གྱི་རྩེད་འགྲན་པ་ཅིག་སྦེ་ འཕྲོ་མཐུད་དེ་ར་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་དེབ།
Chmielewski, B. (2023). Far behind Riga: Latvia’s problems with uneven development. Published by: Centre for Eastern Studies (OSW). Retrieved from:https://www.osw.waw.pl/en/publikacje/osw-commentary/2023-03-15/far- behind-riga-latvias-problems-uneven-development
DDC Dictionary (Mobile application software).
Eng - Dzo Terminology (Mobile application software).
Gameiro, M. (2024). THE WORLD IN YOUR HANDS: A GUIDE TO EVERY NATION. VOL. 05. Published by: MGameiro LLC. Retrieved from: https://www.google.bt/books/edition/The_World_in_Your_Hands_Vol_05/HToYEQAA
Smidchens, G. (2025). Riga: National capital, Latvia. Published by: Britannica. Retrieved from: https://www.britannica.com/place/Riga
Stranga, A. & Bater, J.H. (2025). Government and society. Published by: Britannica. Retrievedfrom: https://www.britannica.com/place/Latvia/Economy#ref37309
Wikipedia. (2025). Kuwait. Published by: Creative Commons. Retrieved from: https://en.wikipedia.org/wiki/Latvia#Culture
