Jump to content

བལ་ཡུལ་

Wikipedia ལས།
བལ་ཡུལ་
Image
Image
རྒྱལ་ས།ཀཊི་མཱན་ཌུ
ས་ཁྱོན།147 516 km²
མི་འབོར31 122 387

ནེ་པཱལ་ རྒྱལ་ཁབ་འདི་ལྷོ་ཨེ་ཤི་ཡའི་ སྐོབས་ཚུད་ཀྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ཀྱི་སའི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་ ༡༤༧༥༡༦ (༥༦༩༥༦ མའིལ་གཉིས་ལྟབ)་སྦེ་ཡོདཔ་ཨིན།[] དེའི་ནང་ལས་ ཀི་ལོ་མི་ཊར་གྲུ་བཞི་ ༡༤༣༣༥༡ འདི་སའི་འཇལ་ཚད་ཨིནམ་དང་ ཆུའི་ཚད་གཞི་འདི་ གྲུ་བཞི་ཀི་ལོ་མི་ཊར་ ༣༨༣༠ ཡོདཔ་ཨིན།2 རྒྱལ་ཁབ་འདི་སྤྱི་ལོ་ ༡༧༦༨ ལུ་པིརི་བི་ན་རཡན་ཤ་ཟེར་མི་གིས་ གཅིག་སྒྲིལ་བཟོ་སྟེ་ རང་དབང་རང་བཙན་སྦེ་བཟོ་གནང་ཡོདཔ་ཨིནམ་དང་ ཧི་མ་ལ་ཡའི་གངས་ལྗོངས་ས་གནས་ཀྱི་བར་ན་ཚུད་དེ་ཡོདཔ་ཨིན། དེ་མ་ཚད་ རྒྱལ་ཁབ་ཀྱི་ཆ་ཤས་དག་པ་ཅིག་ ཆུ་མོ་ཨིན་ཌསི་དང་གངྒ་གི་ཐང་གི་གྲངས་སུ་ཡང་ཚུད་དེ་ཡོདཔ་ཨིན།[] བལ་པོའི་བྱང་ཕྱོགས་ཀྱི་ས་མཚམས་ལུ་ རྒྱ་ནག་རྒྱལ་ཁབ་ཀྱི་རང་དབང་ཅན་གྱི་བོད་ཡོདཔ་དང་ ཤར་ལྷོ་དང་ནུབ་ཕྱོགས་གསུམ་ལུ་ རྒྱ་གར་རྒྱལ་ཁལ་ཡོདཔ་ཨིན། དེ་ལས་ བྷང་ལ་དེཤ་དང་གཅིག་ཁར་སི་ལི་གུ་རི་གི་བར་ལམ་གིས་སོ་སོར་ཕྱེས་ཡོདཔ་དང་ འབྲུག་རྒྱལ་ཁབ་ལས་རྒྱ་གར་གྱི་མངའ་ཁོངས་སི་ཀིམ་གིས་སྦེ་སོ་སོར་ཕྱེས་ཡོདཔ་ཨིན།[]

རྒྱལ་ཁབ་འདི་ཡུན་རིངམོ་སྦེ་ རྒྱུད་པའི་བློན་ཆེན་རྣམས་ཀྱི་སྐྱོང་སྟེ་ ལུས་ཡོདཔ་དང་ རྒྱལ་ཁབ་འདི་གཞན་ཕྱི་རྒྱལ་ཁབ་ཚུ་དང་འབྲེལ་བ་མ་འཐབ་པར་ རང་རྐྱང་སྦེ་གནས་ཡོདཔ་ཨིན། ཨིན་རུང་ ༡༩༥༠ ལུ་ཕོ་བྲང་གི་ངོ་རྒོལ་ (palace revolt) འབད་ཞིནམ་ལས་ཚུར་ གཞན་མི་རྒྱལ་ཁབ་ཚུ་དང་འབྲེལ་བ་འཐབ་ནི་འགོ་བཙུགས་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༥༡ ལོ་ རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་སྦེ་ལོག་གཞི་བཙུགས་གནང་ནུག། སྤྱི་ལོ་ ༡༩༥༥ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་སྦེ་འཛུལ་ཞུགས་འབད་ཡོདཔ་་ཨིན། དེ་ལས་ སྤྱི་ལོ་ ༡༩༩༡ ལུ་ རྒྱལ་ཁབ་ནང་ ཚོགས་པ་མངམ་གི་སྐྱོང་པའི་སྤྱི་ཚོགས་ཀྱི་ལམ་ལུགས་ཅིག་གཞི་བཙུགས་འབད་ནུག། ཨིན་རུང་ དེའི་ཤུལ་ལུ་ གཞུང་དང་མ་ཝིསི་ གི་བར་ན་ ནང་འཁོད་འཛིང་འཁྲུགས་ བྱེལཝ་དང་དམག་དང་ ནང་འགྲིག་མང་རབས་བྱུང་པའི་ཤུལ་ལུ་ སྤྱི་ལོ་ ༢༠༠༨ ལུ་ རྒྱལ་བརྒྱུད་ཀྱི་རིང་ལུགས་འདི་ ཆ་མེད་བཏང་ནུག། དེ་ལས་ནེ་པཱལ་འདི་ དམངས་གཙོ་ཅན་གྱི་བཙག་འཐུའི་གཞུང་ལྡན་རྒྱལ་ཁབ་སྦེ་བཟོ་གནང་ནུག།[] སྔོན་མ་རྒྱལ་ཁབ་འདི་ འཛམ་གླིང་ནང་ཧིན་དུ་གི་ཆོས་ཀྱི་དབུ་ཁྲིད་ཀྱི་དབང་བའི་རྒྱལ་ཁབ་ཅིག་སྦེ་གནས་རུང་ ད་རེས་ཆོས་དང་མ་འབྲེལ་བའི་དབུ་ཁྲིད་ཀྱི་སྐྱོང་སྟེ་ཡོདཔ་ཨིན།

ནེ་པཱལ་ལུ་ སའི་ཆགས་ཚུལ་མ་འདྲཝ་ཡོད་མི་དེ་ཡང་ ས་བཅུད་ལྡན་པའི་ཐང་དང་ ས་ཁ་མཐོ་དམན་རན་པའི་ནགས་ཚལ་ དེ་ལས་ འཛམ་གླིང་གི་གངས་རི་སྦོམ་ཤོས་བརྒྱད་ཚུ་ཡོདཔ་ཨིན། འཛམ་གླིང་གི་གངས་རི་མཐོ་ཤོས་ མའུནཊ་ཨེ་ཝེ་རེསི་ཡང་བལ་པོ་ལུ་ཡོདཔ་མ་ཚད་ གངས་རི་མཐོ་དྲགས་ཀཱན་ཆན་ཇུང་ག་ཡང་ ནེ་པཱལ་ལུ་ཡོདཔ་ཨིན། བལ་པོ་གི་རྒྱལ་ས་ལྟེ་བ་འདི་ ཀཱཊ་མཱན་ཌུ་ཨིནམ་དང་ རྒྱལ་ས་འདི་རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། ནེ་པཱལ་འདི་ མི་རིགས་མ་འདྲཝ་དང་ཁ་སྐད་ཀྱི་ཕྱུགས་པའི་རྒྱལ་ཁབ་ཨིནམ་དང་ དེ་ནང་ལམ་སྲོལ་ཡང་སྣ་ཚོགས་ཡོདཔ་ཨིན། ནེ་པཱལ་གྱི་གཞུང་འབྲེལ་སྐད་ཡིག་འདི་ ནེ་པ་ལི་ཨིན།[] ནང་པའི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་སྐུ་བལྟམས་པའི་ས་གནས་ལུམ་བི་ནི་ཡང་ནེ་པཱལ་ལུ་ཡོདཔ་ཨིན།[]

རྒྱལ་ཁབ་ནང་ གཙང་ཆུ་ཁག་ཆེ་ཏོག་ཏོ་དང་ཆུ་བོ་ཚུ་ཡོདཔ་ཨིན། གཙང་ཆུ་ཀོ་ཤི་ གན་ད་ཀི་དང་ཀར་ན་ལི་གསུམ་ ཧི་མ་ལ་ཡ་གངས་རིའི་ཁཝ་ལས་བརྒྱུད་དེ་ བྱག་ལས་ ཊེ་རའེ་ཐང་ལས་སྦེ་ མཐའ་མཇུག་ལུ་ ཆུ་མོ་གངྒ་དང་བསྡོམས་ཨིན། ཆུ་མོ་ཚུ་ཆུ་འབྲེལ་མཐུན་རྐྱེན་དང་ ཆུར་བརྟེན་གློག་མེ་ སོ་ནམ་ཞིང་ལཱ་དང་ འགྲུལ་སྐྱོད་ཀྱི་དོན་ལུ་མེད་ཐབས་མེདཔ་ཅིག་ཨིན་པས།[] དེ་བཟུམ་སྦེ་ ར་ར་མཚོ་དང་ ཕི་ཡ་མཚོ་ ཏི་ལི་ཆོ་མཚོ་ཚུ་ཡོདཔ་ཨིན།

ནེ་པཱལ་རྒྱལ་ཁབ་འདི་བདག་སྐྱོང་གི་མངའ་ཁོངས་བདུན་ལུ་དབྱེ་སྟེ་ཡོདཔ་ཨིནམ་དང་ མངའ་ཁོངས་ཚུ་ཡན་ལག་རྫོང་ཁག་ལུ་བགོ་སྟེ་དབྱེ་ཡོདཔ་དང་ རྫོང་ཁག་ལས་ ཁྲོམ་སྡེ་དང་གྲོང་གསེབ་ཀྱི་ཁྲོམ་ལུ་དབྱེ་སྟེ་ཡོདཔ་ཨིན། མངའ་ཁོངས་བདུན་པོ་ཡང་ པརཱ་ཌེཤ་དང་ བག་མ་ཊི་ གཱན་ད་ཀི་ ཀར་ན་ལི་ ཀ་ཤི་ ལུམ་བི་ནི་ མ་དེཤ་དང་ སུ་དུར་པཤ་ཆིམ་ཚུ་ཨིན།[] རྒྱལ་ཁབ་ཀྱི་མི་རློབས་ཀྱི་གྱངས་ཁ་ ༢༨༦༠༨༧༡༠ ཡོདཔ་སྦེ་བཀོད་དེ་ཡོདཔ་དང་ མི་རློབས་ཚུ་ཡང་ ལྷོ་ཕྱོགས་ཊེ་རའེ་ལུང་པའི་ཐང་དང་ དབུས་ཕྱོགས་བྱག་ཡོད་པའི་ས་གནས་ཚུ་ནང་ བགོ་སྟེ་འདྲན་འདྲ་མཚམས་ཅིག་བཀྲམ་སྟེ་ཡོདཔ་ཨིན།[] རྒྱལ་ཁབ་ཀྱི་མི་རློབས་ཀྱི་གྱངས་ཁ་འདི་ སྤྱིར་བཏང་ལུ་ཉུངམ་ཨིན་མས།[༡༠] རྒྱལ་ཁབ་ཀྱི་ཏི་རུ་འདི་ ནེ་པཱལ་གྱི་རུ་པི་ཟེར་མི་འདི་ཨིན།

རྒྱལ་ཁབ་ཀྱི་གནམ་གཤིས་འདི་ ལ་ཁ་མཐོ་ས་འབད་བ་ཅིན་ གནམ་བྱཱར་ལུ་བསིལ་དྲོད་ལྡན་པའི་ཁར་ གནམ་དགུན་ལུ་གནམ་མེད་ས་མེད་གྱང་དོ་ཡོདཔ་ཨིན། དེ་བཟུམ་སྦེ་མཐའ་ས་ལུ་སྡོད་མི་ཚུ་ གནམ་བྱཱར་ལུ་ཚདཔ་འཚིགས་པའི་ཁར་ གནམ་དགུན་ལུ་ ཚ་དྲོད་རན་ཏོག་ཏོ་སྦེ་སྡོདཔ་ཨིན་པས། རང་བཞིན་གྱི་ཐོན་ཁུངས་ལས་ ཤེལ་རྡོ་དང་ ཆུ་ ཤིང་ཆས་ ཆུར་བརྟེན་གློག་མེ་ རྡོ་སོལ་ ཟངས་ ལྕགས་ཟས་ཀོ་བལཊ་ ལྕགས་གཞན་ཚུ་ཡོདཔ་ཨིན།[༡༡]

ཆོགས་ལུགས་ཀྱི་ཐད་དུ་བཏང་པ་ཅིན་ ཧིན་དུ་དང་ནང་པའི་ཆོགས་ལུགས་འཛིན་མི་ མུཛ་ལིམ་དང་ ཀི་རཊ་ ཡེ་ཤུའི་ཆོགས་ལུགས་དང་ ཆོགས་ལུགས་གཞན་འཛིན་མི་ཚུ་ཡོདཔ་སྦེ་བཀོད་དེ་འདུག།[༡༢]

རྒྱབ་རྟེན།

[ཞུན་དག]
  1. ཝརལཌ་ཨེཌ་ལསི། (༢༠༢༤།) མེབསི་ཨོཕ་ནེ་པཱལ། https://www.worldatlas.com/maps/nepal
  2. དྷ་ཝརལཌ་ཕེགཊ་བྷུག།(༢༠༢༥།) ནེ་པཱལ། https://www.cia.gov/the-world-factbook/countries/nepal/
  3. ཝི་ཀི་པི་ཌི་ཡ། (ལོ་མེད།) ནེ་པཱལ། https://en.wikipedia.org/wiki/Nepal
  4. བིརི་ཊ་ནི་ཀ། (༢༠༢༥།) ནེ་པཱལ། https://www.britannica.com/place/Nepal
  5. ཝི་ཀི་པི་ཌི་ཡ། (ལོ་མེད།) ནེ་པཱལ། https://en.wikipedia.org/wiki/Nepal
  6. ཝི་ཀི་པི་ཌི་ཡ། (ལོ་མེད།) ནེ་པཱལ། https://simple.wikipedia.org/wiki/Nepal
  7. ཝརལཌ་ཨེཌ་ལསི། (༢༠༢༤།) མེབསི་ཨོཕ་ནེ་པཱལ། https://www.worldatlas.com/maps/nepal
  8. དྷ་ཝརལཌ་ཕེགཊ་བྷུག། (༢༠༢༥།) ནེ་པཱལ། https://www.cia.gov/the-world-factbook/countries/nepal/
  9. དྷ་ཝརལཌ་ཕེགཊ་བྷུག། (༢༠༢༥།) ནེ་པཱལ། https://www.cia.gov/the-world-factbook/countries/nepal/
  10. ཝརལཌ་ཨེཌ་ལསི། (༢༠༢༤།) མེབསི་ཨོཕ་ནེ་པཱལ། https://www.worldatlas.com/maps/nepal
  11. དྷ་ཝརལཌ་ཕེགཊ་བྷུག། (༢༠༢༥།) ནེ་པཱལ། https://www.cia.gov/the-world-factbook/countries/nepal/
  12. དྷ་ཝརལཌ་ཕེགཊ་བྷུག། (༢༠༢༥།) ནེ་པཱལ། https://www.cia.gov/the-world-factbook/countries/nepal/


"https://dz.wikipedia.org/w/index.php?title=བལ་ཡུལ་&oldid=39546" ལས་ སླར་འདྲེན་འབད་ཡོདཔ།