Jump to content

ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊསི་

Wikipedia ལས།
ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊསི་
Image
Image
རྒྱལ་ས།
ས་ཁྱོན།83 600 km²
མི་འབོར11 027 129

ངོ་སྤྲོད། ཡུ་ནའེ་ཊེཊ་ཨ་རབ་ཨེ་མི་རེཊསི་(ཡིའུ་ཨེ་ཨི་)འདི་ ཨ་རབ་བི་ཡཱན་ཕྱོགས་གསུམ་ཆུ་གླིང་གི་ ལྷོ་ཤར་གི་ཁུག་ནང་ སའུ་དི་ཨ་ར་བི་ཡ་རྒྱལ་ཁབ་དང་ ཨོ་མཱན་རྒྱལ་ཁབ་ཀྱི་ས་མཚམས་དང་ པར་ཤི་ཡཱན་མཚོ་ཁུག་(Persian Gulf)དང་ ཨོ་མན་གྱི་མཚོ་ཁུག་(Gulf of Oman)བདའ་སྟེ་ ཆགས་ཏེ་ཡོདཔ་ཨིན། འདི་གི་ ཧ་ལམ་ས་གོ་ཀི་ལོ་མི་ཊར་གྲུ་བཞི་ ༨༣,༦༠༠ ཁྱབ་དོ་ཡོདཔ་ད་ མང་ཤོས་བྱེ་མའི་ཐང་ཨིན་མས།

རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།

ཡིའུ་ཨེ་ཨི་གི་རྒྱལ་ས་ལྟེ་བ་འདི་ ཨ་བུ་དཱ་བི་ཁྲོམ་སྡེ་ཨིནམ་དང་ མངའ་སྡེ་བདུན་གྱི་ནང་ལས་ སྦོམ་ཤོས་ཅིག་ཨིན་མི་འདི་ སྲིད་དོན་དང་ བཟོ་གྲྭ་དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཡང་ཨིན་མས། འཛམ་གླིང་ནང་ སྒྲིང་ཁྱིམ་རིངམོ་དང་ ཚོང་འབྲེལ་ དེ་ལས་ ལྟ་བཤལ་ལས་སྡེ་ལུ་ཡོངས་གྲགས་ཡོད་པའི་ དུ་བཱའི་འདི་ གནམ་མེད་ས་མེད་མི་རློབས་མང་བའི་ཁྲོམ་སྡེ་ཅིག་ཨིན། གལ་ཆེ་བའི་ཁྲོམ་སྡེ་གཞན་ཡང་ ཤར་ཇ། ཨཇ་མཱན། རསི་ཨཱལ་ཁའི་མ། ཕུ་ཇའི་རཱ། ཨུམ་ཨཱལ་ཀུཝེན་ཚུ་ཨིན་པས།

མི་རློབས།

སྤྱི་ལོ་ ༢༠༢༥ ཚུན་ཚོད་ ཡིའུ་ཨེ་ཨི་གི་མི་རློབས་འདི་ ས་ཡ་ ༡༠ དེ་ཅིག་ཨིན་རུང་ ཧ་ལམ་བརྒྱ་ཆ་ ༡༡% རྐྱངམ་གཅིག་ ཨི་མི་རི་ཊི་གི་མི་ཁུངས་ཨིན་པས། མི་མང་ཤོས་ར་ ལྷོ་ཨེ་ཤི་ཡ་༼རྒྱ་གར། པཱ་ཀིསི་ཏཱན། བྷང་ལ་དེཤ།༽། ཕི་ལི་པིནིས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི། ཨ་རབ་རྒྱལ་ཁབ་གཞན་མིའི་མི་ཚུ་ཨིན་པས། མི་རློབས་སྡོད་ས་ཚུ་ནང་ གནམ་མེད་ས་མེད་ཁྲོམ་གྱིས་གང་བའི་ཁར་ མི་རློབས་ཡང་ སྣ་ཚོགས་སྦེ་ཡོདཔ་ཨིན་པས།

མི་རིགས།

ཡིའུ་ཨེ་ཨི་མི་སྡེའི་འདི་ མི་རིགས་སླ་བསྲེ་ཡོད་པའི་ མཐོང་སྣང་ཅིག་ཨིན་པས། ཨི་མི་རེ་ཊིསི་གི་ཡུལ་མི་ཚུ་ ཨ་རབ་ཨིནམ་དང་ ཕྱི་རྒྱལ་ལས་འོང་མི་ཚུ་ ལྷོ་ཕྱོགས་ཨེ་ཤི་ཡ། ཤར་ལྷོ་ཨེ་ཤི་ཡ། ནུབ་ཕྱོགས་ཀྱི་མི། ཨཕ་རི་ཀཱ་གི་མི་ཚུ་ཨིན་མས། མི་རིགས་དང་ ལམ་སྲོལ་སྣ་ཚོགས་འདི་ ཡིའུ་ཨེ་ཨི་གི་ལས་གཡོགཔ་དང་ མི་སྡེའི་གཞི་འགྱམ་གྱི་ ཁྱད་རྣམ་གཙོ་བོ་ཅིག་ཨིན་མས།

ཁ་སྐད།

གཞུང་འབྲེལ་གྱི་སྐད་ཡིག་འདི་ ཨ་ར་བིཀ་ཨིནམ་དང་ ཁ་སྐད་འདི་ གཞུང་དང་ ཤེས་རིག་ དེ་ལས་ དྲང་ཁྲིམས་ཀྱི་གནད་དོན་ཚུ་ནང་ ལག་ལེན་འཐབ་ཨིན་པས། ག་དེ་སྦེ་ཨིན་རུང་ ཨིང་ལིཤ་འདི་ རྒྱ་ཆེ་དྲགས་སྦེ་ སླབ་ཨིནམ་དང་ ཚོང་འབྲེལ་དང་ ལྟ་བཤལ་གྱི་ཁ་སྐད་གཙོ་བོ་སྦེ་ ལག་ལེན་འཐབ་ཨིན་པས། ཕྱི་རྒྱལ་ལས་འོང་མི་གི་ མི་ཚུ་གི་ནང་འཁོད་ཀྱི་ཁ་སྐད་ ཧིན་དི། ཨུར་ཌུ། ཏཱ་ག་ལོག། པར་ཤི་ཡཱན་ལ་སོགས་པ་ཚུ་ ཁྱབ་ཆེཝ་སྦེ་ཡོདཔ་ཨིན་པས།

རྒྱལ་རབས་དང་ཆོས་ལུགས།

ཡིའུ་ཨེ་ཨི་འདི་ ཁོང་རའི་རྒྱལ་རབས་དང་འཁྲིལ་བ་ཅིན་ཧེ་མ་ ཉ་གཟུང་མི་དང་ མཚོ་ལས་མུ་ཏིག་འཚོལ་མི་ དེ་ལས་ བྱེ་ཐང་གི་གྲོང་གསེབ་མི་རིགས་ཚུ་ཡོད་པའི་ ལུང་ཕྱོགས་ཅིག་ཨིན། སྤྱི་ལོ་ ༡༩༧༡ ལུ་ བིརི་ཊིཤ་སྲུང་སྐྱོབ་ལས་ རང་དབང་རང་བཙན་ཐོབ་པའི་ཤུལ་ལུ་ ཨེ་མི་རེཊ་བདུན་གཅིག་ཁར་བསྡོམས་ཏེ་ ཡིའུ་ཨེ་ཨི་བཟོ་ནི་ལུ་ གཅིག་བསྡོམས་འབད་ནུག། རྒྱལ་ཁབ་ནང་ལུ་ ཆོས་ལུགས་མང་ཤོས་ཅིག་ར་ ཁ་ཆེའི་ཆོས་ལུགས་དང་ དམིགས་བསལ་དུ་ སུ་ནི་ཁ་ཆེའི་ཆོས་ལུགས་(Sunni Islam)འདི་ཨིན་མས། ཆོས་ལུགས་གཞན་ཚུ་ལུ་ བཟོད་བསྲན་ཡོདཔ་ལས་ ཡེ་ཤུའི་ལྷ་ཁང་དང་ ཆོས་ལུགས་གཞན་གྱི་ལྷ་ཁང་ དེ་ལས་ སི་ན་གཱོག་(synagogue)ཚུ་རྐྱབ་སྟེ་ ལག་ལེན་འཐབ་ཡོདཔ་ཨིན་པས།

ཁྲོམ་སྡེ་གོང་འཕེལ།

ཡིའུ་ཨེ་ཨི་གི་ཁྲོམ་སྡེ་ཚུ་ དེང་སང་གི་བཟོ་བཀོད་རིག་པ་དང་ ཁྲོམ་སྡེའི་འཆར་གཞི་གི་བརྡ་མཚོན་བཏོནམ་ཨིན་མས། དུ་བཱའི་གི་ འཛམ་གླིང་ནང་གི་སྒྲིང་ཁྱིམ་མཐོ་ཤོས་དང་ ཉོ་ཚོང་རྐྱབ་སའི་ས་གོ་སྦོམ་ཡོད་མི་ བུརཇ་ཁ་ལི་ཕ་(Burj Khalifa)འདི་ ཡོངས་གྲགས་ཡོདཔ་ཨིན་པས། ཨ་བུ་དཱ་བཱི་ལུ་འབདན་ ལམ་སྲོལ་གྱི་གཙུག་སྡེ་ ལཱཝ་རི་ཨ་བུ་དཱ་བཱི་(Louvre Abu Dhabi) དང་གཞན་ཚུ་ ཡོངས་གྲགས་ཡོདཔ་ཨིན་པས། ཁྲོམ་སྡེ་ཚུ་ཧིང་སང་ས་དང་ ཉེན་སྲུང་ཅན་ དེ་ལས་ མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་ སྟབས་བདེ་ཧིང་གི་དོན་ལུ་ བཟོ་བཀོད་འབད་ནུག།

གནམ་གཤིས།

ཡིའུ་ཨེ་ཨི་ལུ་ བྱེ་མའི་ཐང་གི་ས་གཤིས་ སྐམ་ཀྲོག་ཀྲོ་ཡོད་པའི་ཁར་ གནམ་བྱཱར་ཚ་དྲོད་ཅན་དང་ གནམ་དགུན་ཡང་རན་ཏོག་ཏོ་ དེ་ལས་ ལོ་བསྟར་ཆར་འབབ་གནམ་མེད་ས་མེད་ ཉུང་སུ་ཅིག་སྦེ་ཡོདཔ་ཨིན། གནམ་བྱཱར་ལུ་ ཚ་དྲོད་ཚད་འདི་ སེལ་ཤི་ཡསི་ ༤༥ ལས་ལྷག་སྟེ་འགྱོ་དོ་ཡོདཔ་ཨིན་པས། བྱེ་མའི་རླུང་ཚུབས་འདི་ སྐབས་སྐབས་འོངམ་ཨིནམ་ད་ རྒྱལ་ཁབ་འདི་ནང་ རྒྱ་མཚོའི་ཆུ་ལས་ཚྭ་བཏོན་ཏེ་ འཐུང་ཆུ་བཟོ་ནི་དང་ལག་ལེན་འཐབ་ནི་ལུ་ བརྟེནམ་ཨིན་པས།

གཞུང་སྐྱོང་།

ཡུ་ཨེ་ཨི་འདི་ རྒྱལ་ཁམས་བདུན་གྱི་སྤྱི་ཚོགས་ཨིནམ་དང་ རྒྱལ་ཁམས་རེ་རེ་བཞིན་ རྒྱལ་བརྒྱུད་ཀྱི་རྒྱལཔོ་གིས་སྐྱོང་སྟེ་ཡོདཔ་ཨིན་པས། ཁོང་ག་ར་གཅིག་ཁར་འབདཝ་ད་ སྤྱི་གཞུང་ཆེ་བཐོའི་ལྷན་ཚོགས་(Federal Supreme Council)སྦེ་ཨིནམ་ལས་ འདི་ནང་ལས་ སྲིད་འཛིན་དང་སྲིད་འཛིན་འོག་མ་ཅིག་ ལོ་ལྔའི་བར་ན་ཚར་རེ་ གདམ་འཐུ་འབད་དེ་ བཀལ་སྲོལ་ཡོདཔ་ཨིན་པས། སྲིད་དོན་གྱི་ལམ་ལུགས་འདི་ནང་ སྔར་སྲོལ་གྱི་རྒྱལ་གཞུང་དང་ སྤྱི་གཞུང་གི་གཙུག་སྡེ་ཚུ་ སླ་བསྲེ་སྟེ་ལཱ་འབད་སྲོལ་གྱི་ ལམ་ལུགས་བཏོནམ་ཨིན་པས། ཨ་བུ་དྷ་བཱི་གི་རྒྱལ་པོ་འདི་ སྲིད་འཛིན་སྦེ་ཕྱག་ཞུ་དོ་ཡོདཔ་དང་ དུ་བཱའི་གི་རྒྱལ་པོ་འདི་ སྲིད་འཛིན་འོགམ་དང་ བློན་ཆེན་ཨིན་མས། སྲིད་འཛིན་ལུ་ བློན་ཆེན་བསྐོ་བཞག་འབད་ནིའི་དབང་ཚད་ཡོདཔ་ཨིན་པས།

རང་བཞིན་ཆགས་རབས།

ཡིའུ་ཨེ་ཨི་མང་ཤོས་ར་ བྱེ་ཐང་ཐང་སྦེ་ཡོདཔ་ད་ ཤར་ཕྱོགས་ཁ་ཐུག་ལུ་ གངས་རི་དང་ རྒྱ་མཚོའི་ཐང་ཚུ་ པར་ཤི་ཡ་གི་མཚོ་ཁུག་བདའ་སྟེ་ཡོདཔ་ཨིན། ཧ་ཇར་གངས་རི་(Hajar Mountains)་དང་ བྱེ་མའི་བྱེ་ཕུང་ དེ་ལས་ ལི་བ་(Liwa)བཟུམ་གྱི་བྱེ་ཐང་ཆུ་ཡོད་ས་ཚུ་གིས་ ས་ཆ་འདི་གིས་ དབྱེ་བ་དང་གནས་སྟངས་ཚུ་བཏོནམ་ཨིན་མས། རྒྱལ་ཁབ་ཀྱིས་ སྔོ་ལྗང་དང་ཡུན་བརྟན་གྱི་ལས་འགུལ་ཚུ་ནང་ གལ་གནད་ཅན་གྱི་བརྩོན་ཤུགས་བསྐྱེད་ནུག།

དཔལ་འབྱོར།

ཡིའུ་ཨེ་ཨི་ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཌོ་ལར་ཐེར་འབུམ་ ༥༠༠ དང་གཅིག་ཁར་ དཔལ་འབྱོར་སྣ་ཚོགས་ཡོད། མ་གཞི་ ས་སྣུམ་དང་མེ་རླུང་འདི་ ཚོང་འབྲེལ་གཙོ་བོ་ཅིག་ཨིན་རུང་ དུ་བཱའི་གིས་ ཚོང་འབྲེལ། ལྟ་བཤལ། དངུལ་འབྲེལ། གཞིས་ཁང་ཚུ་ལུ་ གཙོ་བོ་བཏོན་དོ་ཡོདཔ་ཨིན། ཕྱིར་ཚོང་ནང་ མ་བཙག་པའི་ས་སྣུམ། རང་བཞིན་གྱི་མེ་རླུང་། ཀ་ལ། པེ་ཊོ་ཀེ་མི་ཀཱལ་ཚུ་ཚུདཔ་ཨིན། ནང་འདྲེན་གྱི་གྲངས་སུ་ འཕྲུལ་ཆས། སྣུམ་འཁོར། བཞེས་སྒོ། གློག་འཕྲུལ་ཚུ་ཚུདཔ་ཨིན་པས།

ལམ་སྲོལ་དང་གྱོན་ཆས།

ཡིའུ་ཨེ་ཨི་གིས་ སྔར་སྲོལ་གྱི་ བི་ཌུ་ཡིན་ལམ་སྲོལ་(Bedouin culture)འདི་ དེང་སང་གི་ཁྲོམ་ཚོགས་སྒྱུར་བ་དང་གཅིག་ཁར་ མཐུན་སྒྲིག་འབད་དེ་ཡོདཔ་ཨིན་པས། ཨི་མི་ར་ཊིསི་ཚུ་གིས་ སྔར་སྲོལ་གྱི་གྱོན་ཆས་གྱོནམ་ཨིནམ་དང་ འདི་ཡང་ ཕོ་སྐྱེས་ཚུ་གིས་ གྱོན་ཆས་དཀརཔོ་ ཀན་ཌུ་ར་(Kandura)དང་ ཨམ་སྲུ་ཚུ་གིས་ ཨ་བཱ་ཡ་(abaya)དང་ ཤཱེ་ལ་(shayla)འདི་ གྱོནམ་ཨིན་པས། ལམ་སྲོལ་མི་ཉམས་རྒྱུན་སྐྱོང་འདི་ སྙན་རྩོམ་དང་ བྱ་ཁྲ་གསོ་སྐྱོང་ དེ་ལས་ མགྲོན་སྐྱོང་བརྒྱུད་དེ་ ཡར་རྒྱས་གཏངམ་ཨིན་པས།

ལྟ་བཤལ།

ལྟ་བཤལ་འདི་ དཔལ་འབྱོར་གྱི་ གནད་དོན་གཙོ་བོ་ཅིག་ཨིན། ལྟ་བཤལཔ་ཚུ་ དྷུ་བཱའི་དང་ ཨ་བུ་དཱ་བི་ལུ་ མཐུན་རྐྱེན་ཕུན་སུམ་ཚོགས་པའི་ ཚོང་འབྲེལ། མཚོ་མཐའ། བྱེ་ཐང་ལྟ་བཤལ། ལམ་སྲོལ་གྱི་ས་རྟགས། འཛམ་གླིང་གནས་ཚད་དང་ལྡན་པའི་དུས་སྟོན་ཚུ་གི་སྦེ་ འོང་དོ་ཡོདཔ་ཨིན་མས། སྤྲོ་བ་ཅན་གྱི་ ས་གོ་ཚུ་ཡང་ བུརཇ་ཁ་ལི་ཕ་དང་ ཤེཀ་ཛ་ཡེད་ག་རཱནཌ་མོསཀ་(Sheikh Zayed Grand Mosque) དེ་ལས་ པཱལམ་ཇུ་མི་རཱ་(Palm Jumeirah)བཟུམ་མའི་ མཚོ་གླིང་རྫུས་མ་ཚུ་ཡོདཔ་ཨིན་པས།

རྩེད་རིགས།

ཡོངས་གྲགས་ཅན་གྱི་རྩེད་རིགས་ནང་རྐང་རྩེད། གཡུག་རིལ། རྔ་མོང་རྒྱུག་འགྲན། བྱ་ཁྲ་གསོ་སྐྱོང་ཚུ་ ཚུདཔ་ཨིན། ཡིའུ་ཨེ་ཨི་གིས་ཡང་ རྒྱལ་སྤྱིའི་རྩེད་རིགས་རྩེད་སའི་ ས་གནས་ཀྱི་འགན་ཁུར་ འབགཔ་ཨིནམ་དང་ འདི་ཚུ་ཡང་ དུ་བཱའི་ཝརལ་ཀཱཔ་༼རྟ་རྒྱུག་འགྲན་བསྡུར་༽དང་ ཕོར་མུ་ལ་ཝཱན་གརན་པིརིཀསི་(Formula one Grand Prix) དེ་ལས་ ཡིའུ་ཨེཕ་སི་འཐབ་འཛིང་འགྲན་བསྡུར་(UFC fights)ཚུ་ འགོ་འདྲེན་འཐབ་ཨིན་པས།

བཞེས་སྒོ།

ཡིའུ་ཨེ་ཨི་བཞེས་སྒོ་ནང་ སྔར་སྲོལ་གྱི་བཞེས་སྒོ་ཚུད་མི་ཚུ་ཡང་ རྫས་སྦྱོར་བླུགས་པའི་ཆུམ་དང་ཤ་གི་བཟོ་བའི་ མཆ་བུའོསི་(machboos)། ཤཝ་ར་མ།(shawarma) ཧུ་མཱས།(hummus) ཌེཊ་(dates)ཚུ་ ཚུདཔ་ཨིན་པས། བཞེས་སྒོ་ཚུ་ཡང་ གནམ་མེད་ས་མེད་སྣ་ཚོགས་སྦེ་ཡོདཔ་དང་ དེ་ཡང་ རྒྱ་གར། ལེ་བ་ནིས། པར་ཤི་ཡཱན། ནུབ་ཕྱོགས་ཀྱི་བཞེས་སྒོ་ཚུ་ཡོདཔ་ཨིནམ་དང་ འདི་ཡང་གཙོ་བོ་རང་ རྒྱལ་སྤྱིའི་མི་རློབས་ཡོད་ནི་འདི་གིས་ཨིན་པས།

ཕྱི་འབྲེལ་མཐུན་ལམ།

ཡིའུ་ཨེ་ཨི་གིས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་དང་ མཐུན་ལམ་སྒྲིང་སྒྲི་སྦེ་ར་བཞགཔ་ཨིནམ་དང་ འདི་ཡང་ དམིགས་བསལ་གྱིས་ ཡུ་ནའི་ཊེཌ་ཨིས་ཊེཌས་དང་ ཡུ་རོབ་ དེ་ལས་ གཱལཕ་དང་ཨ་རབ་རྒྱལ་ཁབ་ཚུ་ཨིན་པས། ལུང་ཕྱོགས་ཀྱི་ ཕྱི་འབྲེལ་སྲིད་སྐྱོང་དང་ འགྲོ་བ་མིའི་གྲོགས་རམ་ དེ་ལས་ ཚོང་འབྲེལ་མཉམ་འབྲེལ་ཚུ་ནང་ ལཱ་འགན་ངར་ཡེང་ཡེ་སྦེ་ འབག་དོ་ཡོདཔ་མ་ཚད་ ཇི་སི་སི་(GCC)དང་ འཛམ་གླིང་སྤྱི་ཚོགས་ དེ་ལས་ ཨོ་པེག་(OPEC)གི་ འཐུས་མི་ཡང་ཨིན།

མཇུག་དོན།

ཡིའུ་ཨེ་ཨི་འདི་ གཞན་དང་མ་འདྲ་བའི་ ལམ་སྲོལ་དང་ ཡར་རྒྱས་གཅིག་ཁར་འགྱོ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་པས། རྒྱལ་ཁབ་འདི་ དཔལ་འབྱོར་སྒྲིང་སྒྲི། ལམ་སྲོལ་གྱི་སྲོལ་ཁྱུན། རྒྱལ་སྤྱིའི་གནས་སྟངས་ལུ་སྤྲོ་ཅན། མ་འོངས་པའི་དོན་ལུ་རེ་འདོད་སྦོམ་ཡོད་མི་ལུ་བརྟེན་ རྒྱལ་ཁབ་འདི་ མི་ཌཱལ་ཨིསིཊ་(Middle East)ནང་ལུ་ དྲག་ཤོས་ཅིག་དང་ དེང་སང་གི་འགྱུར་བའི་དཔེ་ཅིག་སྦེ་ཡོདཔ་ཨིན་པས།

རྒྱབ་རྟེན།

https://en.wikipedia.org/wiki/United Arab Emirates